དཔལ་དུས་ཀྱི་འཁོར་ལོའི་ངོ་སྤྲོད།

མཉམ་མེད་ཟས་གཙང་སྲས་པོ་མངོན་པར་སངས་རྒྱས་པའི་ཕྱི་ལོ་ནག་ཟླའི་ཉ་ལ། དཔལ་ལྡན་འབྲས་དཀར་སྤུངས་པའི་མཆོད་རྟེན་ཆེན་པོར། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོ་མངོན་པར་སྤྲུལ་ཏེ། འཁོར་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པ་དང༌། ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས། གཞན་ཡང་ཆུ་བོ་སིའཏའི་བྱང་ཕྱོགས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་མིའི་འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པ་འདུས་པའི་དབུས་སུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་མཐའ་དག་གསུངས་ནས་དཔལ་ཕྱག་ན་རྡོ་རྗེ་ལ་གཏད། རེ་ཞིག་ཤམ་བྷ་ལ་ལས་མིའི་འཇིག་རྟེན་གཞན་དུ་མ་དར། ཤམ་བྷ་ལར་རྒྱལ་བོ་ཟླ་བ་བཟང་པོས་རྒྱུད་མཐའ་དག་གླེགས་བམ་ལ་བྲིས། སྐྱེ་བོའི་ཚོགས་ལ་སྔགས་ཀྱི་ཐེག་པ་རྒྱ་ཆེར་གསུངས་པར་མང་པོ་ཞིག་མཆོག་གི་དངོས་གྲུབ་ཐོབ། དེ་ནས་ཆོས་རྒྱལ་ཆེན་པོ་བདུན་དང༌། རིགས་ལྡན་འཇམ་དཔལ་གྲགས་པ་སོགས་ནས་རིགས་ལྡན་རྒྱལ་དཀའི་བར་དུ་བྱང་ཤམ་བྷ་ལར་དར་བར་མཛད་དོ། །རིགས་ལྡན་རྒྱལ་དཀའི་དུས་སུ་འཕགས་ཡུལ་དུ་དར་བ་ཡིན། དེ་ཡང་གྲུབ་ཆེན་དུས་ཞབས་པ་ཆེན་པོ་རྫུ་འཕྲུལ་གྱིས་ཤམ་བྷ་ལར་བྱོན་ཏེ་རིགས་ལྡན་རྒྱལ་དཀའ་དངོས་དང་མཇལ། དུས་འཁོར་སོགས་རྒྱུད་སྡེ་མང་པོ་ཞིག་ལས། འགའ་ཞིག་ཐུགས་ལ་བཟུང༌། འགའ་ཞིག་གླེགས་བམ་སྤྱན་དྲངས་ཏེ་འཕགས་ཡུལ་དུ་བྱོན། སྒོམ་པ་གཙོ་བོར་མཛད་ནས་མཐར་འཇའ་ལུས་སུ་གཤེགས། དེའི་སློབ་མ་ཤྲྭི་བྷ་དྲ་དང༌། ཤྲྭི་བྷ་དྲའི་སློབ་མ་ན་ལེན་དྲ་གཉིས་ཀྱིས་ཆོས་འདིས་ས་སྟེང་ཐམས་ཅད་ཁྱབ་པར་མཛད།

བོད་དུ་དར་ཚུལ་ནི། ན་ལེན་པའི་དངོས་སློབ་ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་བོད་དུ་ལན་གསུམ་བྱོན། དུས་འཁོར་གྱི་དབང་རྫོགས་པར་བསྐུར། འབྲོ་ཤེས་རབ་གྲགས་ཀྱིས་ལོ་ཙཱ་བྱས་ནས་དུས་འཁོར་གྱི་རྒྱུད་དང༌། བྱང་ཆུབ་སེམས་འགྲེལ་སྐོར་གསུམ་སོགས་ཆོས་མང་དུ་གསུངས། དེ་ནས་རིམ་བཞིན་བླ་མ་ལྷ་རྗེ་སྒོམ་པ། བླ་མ་སྒྲོ་སྟོན་གནམ་བརྩེགས། གྲུབ་ཆེན་ཡུ་མོ་མི་སྐྱོད་རྡོ་རྗེ། སྲས་མཆོག་རྡར་མེ་ཤོ་ར། མཁས་པ་ནམ་མཁའ་འོད་ཟེར། ལྕམ་མ་ཅིག་སྤྲུལ་སྐུ་ཇོ་འབུམ། སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། འཇམ་གསར་བ་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་སྐུ་འོད་ཟེར་༼༡༢༡༤ ༡༢༩༢༽ སོགས་གྲུབ་ཆེན་རིག་འཛིན་རྣམས་ཀྱིས་རིམ་པར་སྤེལ་བ་ལ་སྦྱོར་དྲུག་པ་ཞེས་པའི་མཚན་ཆགས། རབ་བྱུང་བཞི་བའི་༡༢༤༣ལོར་ཞང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་སྐུ་འཁྲུངས། ཀུན་མཁྱེན་ཆོས་སྐུ་འོད་ཟེར་སོགས་བླ་མ་མང་པོ་བསྟེན་ནས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་པའི་རྒྱུད་བཤད་མན་ངག་ལྷད་མེད་པ་རིགས་མི་འདྲ་བ་བཅུ་བདུན་༼གྱི་ཇོ་༡རྨ༢ཁྲོམ་༣ ཇོ་བོ་༤ དང༌། །འབྲོ་༥རྭ་༦ཙ་མི་༧རྡོ་རྗེ་གྲགས། ༨། །རྒ་ལོའི་གསུམ༩ ༡༠ ༡༡ དང་ཁ་ཆེ་གཉིས་༡༢ ༡༣། །བི་བྷུ་ཏི་གཉིས་༡༤ ༡༥ཆག་༡༦མན་ལུང༡༧། །༽ལྷག་གསན་ཞིང༌། གདམས་པ་སོ་སོའི་ཉམས་མྱོང་སྐུ་ཉམས་སུ་བསྟར་ཏེ་གྲུབ་པའི་གོ་འཕང་མངོན་དུ་མཛད། ཇོ་མོ་ནགས་སྨན་རྒྱལ་མོའི་ཇོ་ནང་ཞེས་པའི་ལུང་པར་གདན་འདྲེན་ཞུས་པ་ལྟར། ཕྱི་ལོ་༼༡༢༩༤༽ལོར་ཕེབས་ཏེ་གདན་ས་མཛད་པ་ནས་བཟུང་སྦྱོར་དྲུག་པ་ཞེས་པའི་ཆོས་བརྒྱུད་འདི་ལ་ཇོ་ནང་པ་ཞེས་གྲགས་པ་ཡིན་ནོ།།

དེའི་སློབ་མ་བྱང་སེམས་རྒྱལ་བ་ཡེ་ཤེས་༼༡༢༥༧ ༡༣༢༠༽། བྱང་སེམས་པའི་སློབ་མ་མཁས་བཙུན་ཡོན་ཏན་རྒྱ་མཚོ་༼༡༢༦༠ ༡༣༢༧༽ ། འདི་གསུམ་ལ་ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་ཞེས་གྲགས་པ་ཡིན། མཁས་བཙུན་ཡོན་ཏན་རྒྱ་མཚོའི་དངོས་སློབ་ཀུན་མཁྱེན་ཇོ་ནང་པ་ཤེས་རབ་རྒྱལ་མཚན་ནི། རྔ་བོ་ཆེའི་མདོ་དང༌། གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་སོགས་ལས་ཇི་ལྟར་ལུང་བསྟན་པ་ལྟར་ཀ་ཡོ་རིའི་གྲོང་ཁྱེར་དུ་ཡབ་ཡེ་ཤེས་དབང་ཕྱུག་དང༌། ཡུམ་ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་བའི་ཆུ་འབྲུག་༼༡༢༩༢༽ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་མཁན་ཚུལ་ཁྲིམས་འོད་ཟེར་ལས་རབ་ཏུ་བྱུང་སྟེ་མཚན་ཤེས་རབ་རྒྱལ་མཚན་ཞེས་གསོལ། བླ་མ་སྐྱི་སྟོན་པ་སོགས་ལས་ཕར་ཚད་མངོན་གསུམ་སོགས་གསན་པས་ཐུགས་སུ་ཆུད། དབུས་གཙང་གི་གྲྭ་ས་ཕར་ཆེར་ཕེབས་ནས་འཆད་རྩོད་རྩོམ་གྱི་ཡོན་ཏན་ཕྱོགས་ལས་རྣམ་པར་རྒྱལ་བས་ཀུན་མཁྱེན་ཞེས་པའི་མཚན་ཐོགས། མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་བཤེས་གཉེན་དམ་པ་སུམ་ཅུ་ལྷག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་མདོ་སྔགས་གཉིས་ཀྱི་དགོངས་དོན་མཐར་ཐུག་པ་ཐུགས་ལ་འཁྲུངས་ཤིང༌། མདོ་རྒྱུད་ཀྱི་དགོངས་པ་རང་བཞེད་རྩལ་འདོན་གྱི་ཡིག་ཆ་ཕྱོགས་སུ་ཁྱབ་པས་མཁས་པ་ཕལ་མོ་ཆེའི་བློར་མ་ཤོང་བར་རྩོད་པ་བྱུང་བ་རྣམས། རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་དུ་སོང་ནས་གྲུབ་མཐའ་རྩོད་བྲལ་དུ་སོང་སྟེ། ཕྱོགས་བཞིའི་དགེ་བཤེས་མང་པོས་བསྐུལ་བ་ལ་བརྟེན། ངེས་དོན་རྒྱ་མཚོ་སོགས་གསུང་རབ་ཀྱི་ཡིག་ཆ་པོད་བཅུ་ཙམ་མཛད། སློབ་མའི་ཚོགས་གྲངས་ལས་འདས་པ་ལ་མདོ་སྔགས་ཟུང་འབྲེལ་གྱི་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ལྟར་བསྟན་འགྲོའི་དོན་བོད་ཙམ་དུ་མ་ཟད། རྒྱ་ནག་དང་ཆེན་པོ་ཧོར་སོགས་ལ་ཡང་རྒྱལ་བ་རང་ཉིད་སླར་ཕེབས་པ་ལྟ་བུའི་མཛད་འཕྲིན་བསྐྱངས་ཏེ། དགུང་གྲངས་བདུན་ཅུར་སོན་པ་ལྕགས་མོ་གླང་གི་ལོའི་ཟླ་བཅུ་བའི་ཚེས་དྲུག་ཉིད་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ།།

དེ་ནས་རིམ་བཞིན་ཀུན་མཁྱེན་ཆེན་པོའི་དངོས་སློབ་ས་སྙིང་སྤྲུལ་པ་ཕྱོགས་ལས་རྣམ་རྒྱལ། ཉ་དབོན་པ་ཀུན་དགའ་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་མཆོག་བཟང་པོ། མཁས་གྲུབ་ནམ་མཁའ་ཆོས་སྐྱོང༌། པཎ་ཆེན་ནམ་མཁའ་དཔལ་བཟང༌། ལོ་ཆེན་རངྣ་བྷ་ཊ། རྗེ་བཙུན་ཀུན་དགའ་གྲོལ་མཆོག མཁན་ཆེན་ལུང་རིགས་རྒྱ་མཚོ། དཔལ་འཁོར་ལོ་སྡོམ་པའི་རྣམ་རོལ་རྗེ་བཙུན་ཏཱ་ར་ནཱ་ཐའི་བར་དུ་བརྒྱུད་པ་བར་མ་ཆད་པར་བྱུང་ཞིང༌། དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐའམ་ཀུན་དགའ་སྙིང་པོ་ནི། ཕྱི་ལོ་༡༥༧༥ ནས་༡༦༣༥བར་བྱོན་པའི་ངེས་དོན་དབུ་མ་ཆེན་པོའི་མཛེས་རྒྱན་ཞིག་ཡིན་ལ། དགུང་ལོ་གཅིག་ནས་ང་བླ་མ་གྲོལ་མཆོག་ཡིན་ཞེས་ཡང་ཡང་གསུངས་པ་དང༌། རྗེ་གོང་མའི་ལུང་བསྟན་བཞིན་ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཡང་སྤྲུལ་དུ་ངོས་འཛིན་མཛད་ནས་ཆོས་ལུང་བྱང་རྩེ་རུ་ཞབས་སོར་འཁོད། མཁས་མཆོག་བྱམས་པ་ལྷུན་འགྲུབ་དང༌། མཁན་ཆེན་ལུང་རིགས་རྒྱ་མཚོ་སོགས་བླ་མར་བསྟེན་ནས་མདོ་རྒྱུད་མན་ངག་སོགས་ལ་གསན་སྦྱང་མཛད་པས་ལུང་རིགས་སྨྲ་བའི་ཁྱུ་མཆོག་ཆེན་པོར་གྱུར། ཇོ་ནང་པའི་གདན་ས་མཛད་ནས་གདུལ་བྱ་རྗེས་སུ་བཟུང་ནས་སློབ་མ་མཐའ་ཡས་པ་བསྐྱངས། བསྒྱུར་བ་དང་རྩོམ་པའི་གསུང་བོད་བཅུ་ཕྲག་བཞི་ལྷག་བཞུགས། དཔལ་ཇོ་ནང་པ་དང༌། རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལྡན་པ་སོགས་ཀྱི་བསྟན་པ་རིས་སུ་མེད་པར་བཀའ་དྲིན་ཆེན་པོས་བསྐྱངས་ཏེ། མཛད་འཕྲིན་འོད་སྣང་དཀར་པོས་རྒྱ་བོད་ཧོར་གསུམ་སོགས་ཡུལ་གྲུ་ཀུན་ཏུ་ཁྱབ་པ་ཡིན་ནོ། །དེ་ཡི་རྒྱལ་ཚབ་འཛིན་པ་ཀུན་དགའ་རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། ཆ་ལུང་བ་ངག་དབང་འཕྲིན་ལས་སོགས་     

བརྒྱུད་ཁྱད་པར་དུ་མདོ་ཁམས་སྨད་ཀྱི་ཕྱོགས་སུ་ཇོ་ནང་ཕྱོགས་རྒྱལ་བའི་དངོས་སློབ་དྲུང་དཀའ་བཞི་པ་རཏྣ་ཤྲཱིས་ཆོས་སྡེ་ཆེན་པོ་འཛམ་ཐང་དགོན་ཕྱག་བཏབས་པ་བཞིན་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་འདི་ཉིད་བོད་ཆོལ་ཁ་གསུམ་ལ་དར་རྒྱས་སུ་གྱུར། གདན་ས་གཙོ་བོ། ཇོ་ནང་རི་ཁྲོད་ཆེན་མོ།  ཆོས་ལུང་བྱང་རྩེ་དགོན་པ། མདོ་ཁམས་སྨད་ཤར་འཛམ་ཐང་དགོན་ཆེན་གཙོས་བོར་གྱུར་བའི། རྒྱ་བོད་སོག་གསུམ་དང་། རྒྱ་བལ་འབྲུག་གསུམ། ར་ཤྭི་ཡ། ཡོ་རོབ་རྒྱལ་ཁབ་ཁག  ཨ་མི་རི་ཀ  སང་གྷ་པོར། མ་ལེ་ཤྭེ་ཡ་སོགས་འཛམ་གླིང་ཡུལ་གྲུ་གང་སར་རང་ཅག་རྣམས་ལ་དབང་བསྐུར་རྒྱུད་བཤད་མན་ངག་གནང་པའི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མའི་བར་དུ་བརྒྱུད་པ་བར་མ་ཆད་པར་བྱོན་ཞིང་ངེས་དོན་བསྟན་པའི་སྡེ་འདི་ཉིད་འཛམ་གླིང་ཡུལ་གྲུ་ཀུན་དུ་དར་ཞིང་རྒྱས་བཞིན་པ་ལགས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།