སྐྱབས་རྗེ་༧ཇོ་ནང་རྒྱལ་ཚབ་རིན་པོ།

སྐྱབས་རྗེ་ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེའི་རྣམ་ཐར་ཉུང་བསྡུས་བཞུགས་སོ།།

སྐུ་ཕྲེང་། གཞོན་དུས། ཚུལ་ཁྲིམས།

གནས་བརྟན་ཆེན་པོ་འཕགས་པ་བ་ཀུ་ལའི་རྣལ་སྤྲུལ་ཀུན་མཁྱེན་དོལ་པོ་ཡབ་སྲས་ཀྱི་དངོས་སློབ་ཇོ་གདན་མཁན་པོ་གཉག་ཕུ་བ་བསོད་ནམས་བཟང་པོའི་རྣམ་སྤྲུལ་དུ་བྱོན་པ། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྣལ་འབྱོར་བ་ཆེན་པོ་རྡོ་རྗེ་སློབ་དཔོན། མཁན་སྤྲུལ་ཆོས་ཀྱི་སྣང་པ་མཆོག་ནི། སྐུ་ན་གཞོན་དུས་ནས་བཟུང་བྱང་ཆུབ་སེམས་དཔའི་ལུས་ངག་གི་རྟགས་མཚན་དང་ལྡན་པ་མ་ཟད། སློབ་ལ་མཁས་པ། རྟོགས་ལྡན་བླ་མ་སྐལ་ལྡན་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས་པ་དང་ཆོས་རྗེ་བླ་མ་ཡོན་ཏན་བཟང་པོའི་དྲུང་ནས་བསྙེན་རྫོགས་པ་ནས་བཟུང་ད་ལྟའི་བར་དུ་ཚུལ་ཁྲིམས་མིག་འབྲས་བཞིན་སྲུང་བའི་བཙུན་པ་ཞིག་ཡིན།

ཉམས་རྟོགས།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རབ་ཁ་བླ་མ་རིན་ཆེན་དཔལ་བཟང་པོ་དང་། རྡོ་རྗེ་སློན་དཔོན་བླ་མ་ཡོན་ཏན་བཟང་པོ་སོགས་ཀྱི་དྲུང་ནས། སྔ་ཕྱིར་འབྲོ་དང་པཎ་ཆེན་ལུགས་ཀྱི་བྱིན་རླབས་དོན་བརྒྱུད་ཀྱི་ཕྱག་སྲོལ་ལྟར་གྱི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལན་དགུ་ཞུས་ནས་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ཉམས་བཞེས་གནང་སྐབས་། དུས་ཀྱི་འཁོར་ལོའི་ཆོས་སྐོར་ནས་གསུངས་པ་བཞིན་ཉམས་རྟོགས་ཀྱི་རྟགས་མཚན་ཁྱད་པར་ཅན་རྣམས་ཐུགས་ལ་འཁྲུངས་ནས་ཆོས་གྲོགས་རྣམས་ཡ་མཚན་ནས་༼ དུས་འཁོར་རྣལ་འབྱོར་བའི་མཆོག ༽ ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། དེ་མིན་བསྐྱེད་རིམ་འབྱུང་འདུལ་དང་ཇོ་ནང་ཁྲིད་བརྒྱ། ལམ་རིམ་ཁྲིད་ཆེན་བརྒྱད་སོགས་མདོར་ན་དཔལ་རྒྱལ་བ་ཇོ་ནང་བའི་བྱིན་རླབས་དོན་བརྒྱུད་སེམས་འགྲེལ་ལུགས་གཙོ་བོར་གྱུར་པའི་རིས་མེད་ཆོས་བརྒྱུད་ཡོངས་ཀྱི་ཆོས་སྐོར་དུ་མ་གསན་བསམ་སྒོམ་སྒྲུབ་གནངས་པས་གྲུབ་པ་ཐོབ་པའི་རྟགས་མཚན་བསྟན་པ་ཡང་མང་མོད་མངས་དོགས་སོ།།

སློབ་གཉེར།
གཞོན་དུས་ནས་རིག་གནས་སྤྱི་ལ་སློབ་རྗེས། པེ་ཅིན་ནང་བསྟན་སློབ་གྲྭ་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཡོད་པ་དང་
དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་གཞུང་ཆེན་ཁག་ལ་བསྐྱར་སློབ་མཛད་པ་ནས་བཟུང་ཆོས་གཞུང་དག་ལ་དུས་རྒྱུན་དཔེ་གཟིགས་མཛད་ནས་སྙིང་དོན་ལ་མཁས་པའི་གོ་འཕང་བརྙེས།།

མཛད་འཕྲིན།
ཕྱི་ལོ་༡༩༩༨་ལོ་ནས་བཟུང་ལོ་བཅུའི་རིང་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་མཁན་པོ་དང་རྡོ་རྗེ་སློབ་དཔོན་གཅིག་ཆོག་མཛད།
ཕྱི་ལོ་༢༠༡༤་ལོར། ཇོ་ནང་སེར་སྐྱ་མང་ཚོགས་འདུ་འཛོམས་ཀྱིས་ཇོ་ནང་༧རྒྱལ་ཚབ་ཏུ་ཇི་ལྟར་གསོལ་བ་བཏབ་པ་ལྟར། ད་ལྟའི་བར་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་རིན་པོ་ཆེའི་ཐུགས་འགན་བཞེས་བཞིན་བཞུགས།
ཕྱི་ལོ་༢༠༡༥ལོར། སྤྱིར་ནོར་༧གོང་ས་སྐྱབས་མཆོག་ཆེན་པོའི་ཐུགས་རྗེས་ལམ་སྟོན་འོག་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་ཞེས་པའི་ཆོས་གཞི་བཙུག་པ་སོགས་ཕྱོགས་ཀུན་ཏུ་ཉམས་ལེན་སྤྱི་དང་་ཟབ་ལམ་སྦྱོར་བ་དྲུག་གི་ཟབ་ཁྲིད་གནང་བཞིན་པ་ལགས་སོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།